སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་གཉིས་གཅིག་གྱུར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་མཐར་ཕྱིན་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཚུབ་ཟློག་སྔོན་ཇུས》དང《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ས་ཁུལ་དང་རིམ་པ་དབྱེ་ནས་གནད་ཁེལ་ཇུས་བསྟར་བྱ་བའི་འཆར་གཞི》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛུབ་སྟོན་རང་བཞིན་གྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས། ནད་ཡམས་གཙང་སེལ་དང་། འབྲེལ་ཐུག་དམ་ཟབ་ཡོད་མཁན་གྱི་ལོགས་འགར་ལྟ་ཞིབ་གཙང་སེལ་དང་། རིམས་ནད་མཆེད་སའི་དུག་སེལ་གཙང་སེལ་བཅས་ཁྱོན་ཡོངས་ནས་མངོན་འགྱུར་དང་། གཙོ་གནད་སྔོན་འགོག་ཚོད་འཛིན་ས་ཁུལ་གཙང་སེལ་བྱེད་པའི་རྨང་གཞིའི་སྟེང་། རང་ཞིང་གི་རིམས་ནད་ཀྱི་གནས་ཚུལ་དང་སྔོན་འགོག་ཚོད་འཛིན་གྱི་དོན་དངོས་ལ་དམིགས་ནས། ཆེད་མཁས་པ་རྩ་འཛུགས་བྱས་ཏེ་དཔྱད་འཇོག་གང་ལེགས་བྱས་པ་དང་ཞིང་ཆེན་བཀོད་འདོམས་པུའུ་ཡི་ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ2པའི་ཚེས26ཉིན་གྱི་དུས་ཚོད12ནས་བཟུང་། རང་ཞིང་གི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་བརྡ་ལན་རིམ་པ་དང་བོ་དེ་བརྡ་ལན་རིམ་པ་གསུམ་པར་བསྒྱུར་རྒྱུའི་ཐག་བཅད་པ་ཡིན། འབྲེལ་ཡོད་དོན་ཚན་ཁག་གི་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་ལྟར།
གཅིག སྣང་མེད་ལྷོད་གཡེང་གི་བསམ་བློ་རྩ་བ་ནས་སེལ་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཞིང་ཆེན་ཡོངས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས། ཕྱི་ཡོང་ནད་པའི་ཉེན་ཁར་དུས་ནམ་ཡང་དོགས་ཟོན་མཐོན་པོ་བྱེད་པ་དང་། “ཕྱི་ནས་མཆེད་པ་དང་ནང་ནས་ཁྱབ་པ་འགོག་པ”གཉིས་རྒྱུན་འཁྱོངས་ཀྱིས་དངོས་ཐོག་བདེན་འཚོལ་དང་ཡུལ་བབ་ལ་བསྟུན་ནས། བསམ་བློའི་གོ་རྟོགས་ལ་ལྷོད་གཡེང་མེད་པ་དང་། ས་ཁོངས་འགན་འཁྲི་ལ་འཆོར་བ་མེད་པ། སྔོན་འགོག་ཚོད་འཛིན་ནུས་ཤུགས་ལ་ཉམས་པ་མེད་པ། བྱ་བའི་ཚད་གཞི་ལ་ཆག་པ་མེད་པ་བཅས་དངོས་སྒྲུབ་བྱས་ཏེ། རྣམ་པར་མ་རྒྱལ་ན་རང་དགར་ལེགས་འགྲུབ་བྱུང་སོང་ཟེར་མི་རུང་།
གཉིས། རིམས་ནད་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་ལ་ཁྱོན་ཡོངས་ནས་ཤུགས་བསྣོན་དགོས། རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཐོག་མའི་ནད་བརྟག་སྨན་པས་འགན་འཁུར་བ་དང་། ཚ་རྒྱས་ནད་པར་སྨན་ཁང་དུ་ལྟ་ཞིབ་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྔོན་བཤེར་ནད་བརྟག་དང་སྨན་ཁང་གི་འགོས་ཁྱབ་དོ་དམ། ནད་ཐོག་མ་དཔེའི་འཚོལ་སྡུད་བཤེར་སྐྱེལ་དང་ཚོད་ལྟ་ཁང་གི་ཚད་ལེན་བྱ་བ་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས། སྨན་ཁང་ནས་བུད་པའི་ནད་པ་དང་གཅིག་བསྡུས་ཀྱིས་ལོགས་སུ་བཀར་མཚམས་བཞག་པའི་འབྲེལ་ཐུག་ཟབ་མོ་ཡོད་མཁན་ཀྱི་རྗེས་སྙེག་འཕྲལ་བཅར་བྱ་བ་གཟབ་ནན་གྱིས་ལེགས་པོར་བསྒྲུབ་དགོས་ལ། གནས་ཡུལ་གལ་ཆེན་དང་མི་ཚོགས་གལ་ཆེན། ལྷག་པར་ནད་ཡམས་མཆེད་ཁུལ་གལ་ཆེན་ནས་མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་དུ་ཕྱིར་ལོག་མཁན་དག་ལ་བདེ་ཐང་བརྟག་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས། སྔ་ཙམ་ནས་ཤེས་རྟོགས་དང་སྔ་ཙམ་ནས་ཞུ་འབུལ། སྔ་ཙམ་ནས་ལོགས་དགར། སྔ་ཙམ་ནས་སྨན་བཅོས་བཅས་ཐུབ་དགོས།
གསུམ། ཞིང་སྡེ་དང་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་བསྣོན་དགོས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་ཐོན་ཁུངས་གཅིག་གྱུར་གྱིས་བཀོལ་ནས་ཆེད་མཁས་སྐྱོབ་བཅོས་འཚུབ་ཟློག་དཔུང་སྡེ་མྱུར་དུ་བཙུགས་ཏེ། སྡེ་བ་དང་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་རྒྱབ་སྐྱོར་མཛུབ་སྟོན་ལ་ཤུགས་སྣོན་དགོས། ཞིང་སྡེ་དང་སྡེ་ཁུལ་གྱིས་ཆད་ལུས་མེད་པའི་ཞིབ་བཤེར་དང་དྲ་མིག་ཅན་གྱི་དོ་དམ་ལ་བསྟུད་མར་ཤུགས་བསྣན་ནས། ཕྱི་ཡོང་མི་སྣའི་འདྲི་ཞིབ་ཐོ་འགོད་དང་ལུས་དྲོད་ཚད་འཇལ་སོགས་ཀྱི་བྱ་བ་ཞིབ་ཚགས་ཀྱིས་བཟང་བོར་བསྒྲུབ་ནས། ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་ཆད་ལུས་མེད་པར་ཁགཐེག་བྱ་དགོས།
བཞི། ཁེ་ལས་དང་དོན་ལས་སྡེ་ཁག་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཁེ་ལས་དང་དོན་ལས་སྡེ་ཁག་སོ་སོས་ལས་བཟོ་བའི་བདེ་ཐང་བརྟག་བཤེར་ལ་ཤུགས་སྣོན་དགོས་པ་དང་། སྔོན་འགོག་ཚོད་འཛིན་དངོས་རྫས་སྟེར་བ། སྤྱི་པའི་གནས་ཡུལ་ལ་གཙང་སྦྲ་བྱེད་པ་དང་། རླུང་རྒྱུ་བར་བྱེད་པ། དུག་སེལ་བ་སོགས་ཀྱི་བྱ་བ་དུས་བཅད་ལྟར་ལེགས་པོར་བསྒྲུབ་དགོས་ལ། མི་སྣ་ཚད་བརྒལ་གྱིས་འདུ་འཛོམས་བྱེད་པར་གཡོལ་ཅི་ཐུབ་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་པོར་སྲུང་བའི་སྔོན་འགྲོའི་འོག་ཏུ། ལས་གཞི་གལ་ཆེན་དང་ཁེ་ལས་གལ་ཆེན་གྱིས་གོ་རིམ་ལྡན་པར་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱ་དགོས། སློབ་ར་དང་བཟོ་སྐྲུན་ལས་ཡུལ་དུ་བཀག་སྡོམ་དོ་དམ་བྱས་ཏེ། ཕྱི་ཡོང་མི་སྣ་འགོག་དགོས་ལ་ཐུན་མོང་གི་བྱ་འགུལ་ཆེ་གྲས་ཀྱི་རིགས་རྩ་འཛུགས་བྱ་མི་ཆོག
ལྔ། སྨན་བཅོས་མི་སྣའི་བདེ་ཐང་འགོག་སྲུང་ལ་ཤུགས་བསྣོན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྨན་བཅོས་མི་སྣར་སེམས་ཁུར་གཅེས་སྐྱོང་བྱེད་པའི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ལེགས་པོ་བྱས་ཏེ། སྨན་བཅོས་མི་སྣའི་སེམས་ཁམས་ཁྲིད་སྟོན་དང་མཁོ་སྒྲུབ་འགན་སྲུང་། རེས་སྐོར་ངལ་གསོ། བརྩོན་སེམས་སྐུལ་སློང་སོགས་ཀྱི་བྱ་བ་ཧུར་ཐག་གིས་ལེགས་པོར་བསྒྲུབ་ནས། གནས་གཏན་སྨན་བཅོས་སྨན་ཁང་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་། གཅིག་བསྡུས་ལོགས་བཀར་ལྟ་ཞིབ་བྱེད་ས་སོགས་གནས་ཡུལ་དང་བོའི་སྨན་བཅོས་མི་སྣའི་འགོག་སྲུང་གི་དངོས་པོའི་དགོས་མཁོ་ཐད་ཤུགས་ཆེན་པོས་འགན་སྲུང་བྱས་ཏེ། སྨན་བཅོས་མི་སྣར་ནད་དུག་འགོ་བ་གཏན་འགོག་དང་སྨན་བཅོས་མི་སྣའི་བདེ་ཐང་བདེ་འཇགས་ལ་སྲུང་སྐྱོབ་ལེགས་པོ་བྱ་དགོས།
དྲུག མང་ཚོགས་དང་སྒེར་གྱི་འགོག་སྲུང་ནུས་ཤུགས་ཇེ་མཐོར་གཏང་དགོས། རིགས་སོ་སོའི་མང་ཚོགས་རྣམས་མཉམ་འགོག་མཉམ་འཛིན་ཁྲོད་ཧུར་ཐག་གིས་ཞུགས་དགོས་པ་དང་། ཕྱི་རུ་བསྐྱོད་པའི་བྱ་འགུལ་གངམནུས་སྒོས་ཇེ་ཉུང་དུ་གཏོང་བ་དང་། འདུ་འཛོམས་རང་བཞིན་གྱི་བྱ་འགུལ་ལ་མི་ཞུགས་པར་བྱས་ཏེ། ཤ་ཉེ་གྲོགས་པོ་དང་འདུ་འཛོམས་བྱེད་པའི་དུས་ཚོད་གནས་སྐབས་སུ་རྗེས་ལ་བསྣུར་བ། ཕྱི་རུ་འགྲོ་ན་ཁ་ཐུམ་རྒྱག་པ། ལག་པ་མང་དུ་བཀྲུ་བ། གཙང་སྦྲར་གཟབ་པ། རྒྱུན་དུ་སྦྱོང་བརྡར་བྱེད་པ། རྒྱུན་དུ་རླུང་རྒྱུ་བར་བྱེད་པ་བཅས་བྱ་དགོས་ལ། གལ་ཏེ་ཚ་རྒྱས་པའི་གནས་ཚུལ་བྱུང་ཚེ་མྱུར་དུ་སྨན་པར་སྟོན་དགོས། ལྷག་པར་བོད་རིགས་རང་སྐྱོང་ཁུལ་གྱི་སྤུན་ཟླ་རྣམས་ཀྱིས་སྲོལ་རྒྱུན་གྱི་དུས་ཆེན་ནང་ལྷག་བསམ་གྱི་སྨོན་འདུན་དང་བཀྲ་ཤིས་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་དཔག་བཟང་བོ་དང་བདེ་ཐང་གི་སྨོན་འདུན་བཟང་བོར་བསྒྱུར་དགོས།
བདུན། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་བརྟན་བརླིང་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། ས་གནས་སོ་སོས་རིམས་ནད་དང་འབྲེལ་བའི་རྩོད་གཞི་ཞིབ་བཤེར་ཐག་གཅོད་ལ་ཤུགས་བསྣན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་འབྱུང་སྲིད་པའི་གནད་དོན་སྣ་ཚོགས་ཁྲིམས་ལྟར་ལུགས་མཐུན་གྱིས་ཐག་གཅོད་པ་དང་། རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་དྲག་པོ་གཏོང་བ་དང་། མང་ཚོགས་རང་བཞིན་གྱི་དོན་རྐྱེན་འབྱུང་བར་བཀག་འགོག་ནན་མོ་བྱེད་དགོས། མང་ཚོགས་ཀྱི་སེམས་ཁམས་ཀྱི་ཁྲིད་སྟོན་དང་སྔོན་དཔག་ལ་ཤུགས་བསྣན་ནས། སྨན་བཅོས་སྒྲིག་ལམ་དང་ཁྲོམ་རའི་སྒྲིག་ལམ། འགྲིམ་འགྲུལ་སྒྲིག་ལམ་བཅས་ཀྱི་རྒྱུན་ལྡན་གོ་རིམ་ལ་དངོས་གནས་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་ཐོག་གི་བདེ་འཇགས་བརྟན་བརླིང་ལ་ཁག་ཐེག་བྱ་དགོས།
བརྒྱད། འཐེན་བཤེར་ཞིབ་བཤེར་གྱི་བྱ་བའི་ཤུགས་ཚད་ཇེ་ཆེར་གཏང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ས་ཁོངས་ཀྱི་སྔོན་འགོག་ཚོད་འཛིན་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི་ནན་དཀྲི་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་དང་མངོན་བཤེར་གསང་འདྲི། ཁ་པར་ཞིབ་བཤེར། བྱ་བའི་སྐོང་མོལ། ཡོངས་བསྒྲགས་མཚང་བརྟོལ་སོགས་ཀྱི་ཐབས་ཤེས་སྤྱད་དེ་འཐེན་བཤེར་ཞིབ་བཤེར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་འབྱུང་བར་འགོག་སྲུང་ནན་མོ་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དང་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས།
དགུ། བརྡ་ལན་རིམ་པ་དུས་དང་མཐུན་པར་འགུལ་རྣམ་སྙོམ་སྒྲིག་བྱ་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་ཐག་གཅོད་དང་དབྱེ་ཞིབ་བྱས་ཏེ། ཉེན་ཁའི་དཔྱད་འཇོག་གི་གནས་ཚུལ་གཞིར་བཟུང་ནས། ས་ཁུལ་དང་རིམ་པ་དབྱེ་བར་ཡུལ་བབ་ལ་བསྟུན་པའི་སྲིད་ཇུས་ལག་ཏུ་བསྟར་ནས། བརྡ་ལན་གྱི་རིམ་པ་དུས་དང་མཐུན་པར་འགུལ་རྣམ་རྣམ་སྙོམ་སྒྲིག་བྱ་ངེས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
2020ལོའི་ཟླ2པའི་ཚེས25ཉིན།